白玉达唐寺

༈ དུས་མཆོད་ཚེས་བཅུ་ཆེན་མོ་ནི།
ལོ་ལྟར་ཆད་མེད་ཀྱིས་བོད་ཟླ་གསུམ་པའི་ཚེས་གཅིག་ནས་བདུན་བར་བསྟན་འགྲོ་སྤྱིའི་རིམ་གྲོར་དམིགས་དེ། གྲུབ་ཐོབ་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པ། གསང་འདུས། ཕུར་པ་རྡོ་རྗེ་གཞོན་ནུ་བཅས་ཀྱི་སྒྲུབ་ཆེན་དང་སྒྲུབ་བྲན་རེས་མོས་དང་། གཞན་ཡང་འབྲེལ་ཐོག་གསོན་གཤིན་རྣམས་ཀྱི་ཆེད་དུ་གྲུབ་ཐོབ་ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་དང་།  བསྟན་དགོན་སྤྱིའི་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་བརྟན་པའི་ཆེད་དུ་གནས་བསྟན་ཕྱག་མཆོད་ཀྱི་ཆོ་ག་འཚོགས་བཞིན་པ་དང་། ཚེས་བརྒྱད་ནས་ཡུལ་སྡེའི་དད་ལྡན་དམངས་ཚོགས་རྣམས་ལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་ཁྲོམ་དབང་དང་། ཚེས་དགུའི་ཉིན་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་འཆམས་དང་། ཚེས་བཅུའི་ཉིན་འབར་བ་ཁྲག་ཐུང་ལྔ་བཅུའི་འཆམས་དང་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་བཅས་ཚོགས་མང་ལ་མཇལ་ཁ་གནང་བཞིན་ཡོད་པའོ།
༈ དུས་མཆོད་ཚེས་བཅུ་ཆེན་མོའི་འཆམ།
རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ་སྤྱི་ལོ་ ༡༢༡༢ ལ་ལྷོ་བྲག་ལ་ཡག་དུ་སྐུ་འཁྲུངས་པའི་གསང་ཆེན་སྔ་འགྱུར་བའི་སྐྱེས་ཆེན་དམ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དག་སྣང་ལས་བྱུང་བ་ཞིག་ཡིན། བོད་ཡུལ་གྱི་དགོན་སྡེ་ཕལ་མོ་ཆེར་འདི་ཉིད་དར་སོ་ཤིན་ཏུ་ཆེ། དར་ཐང་དགོན་འདིར་ནི་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ལོ་སྤྱི་ལོ་ ༡༨༨༥ ལོར་དར་ཐང་དགོན་གྱི་གདན་རབས་གཉིས་པ་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་གྱིས་གསར་འཛུགས་གནང་བ་ནས་ད་ལྟའི་བར་ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་འཛིན་སྐྱོང་བྱེད་བཞིན་ཡོད། འདི་ལ་ཞི་འཆམ་དང་། ཁྲོ་འཆམ་གཉིས་ཡོད། ཞི་འཆམ་ནི་འབག་མི་གྱོན་པར་དར་འཚོན་གྱིས་བརྒྱན་དེ་འཆམ་པ་དང་། ཁྲོ་འཆམ་ནི་ལྷ་ཁྲོ་བོའི་འབག་མགོ་དང་ཟ་བེར་གཡང་ལུགས་སུ་གྱོན་ནས་འཆམ་པ་ཡིན། དེ་ཡང་ཞི་འཆམ་ནི་ལྷ་ཞི་བ་བཞི་བཅུ་རྩ་གཉིས་མཚོན་བྱེད་དང་། ཁྲོ་འཆམ་ནི་ལྷ་ཁྲོ་བོ་ལྔ་བཅུ་རྩ་རྒྱད་མཚོན་བྱེད་ཡིན། འདི་ལ་འཆམ་སྣ་གསེར་སྐྱེམ། ས་འདུལ། དུར་བདག བྱིན་འབེབས། ཟིལ་གནོན། གཏུམ་རྔམ། ཚོགས་ལེན། གིང་ཆེན་བཅུ་དྲུག རྡོ་བྲག་ལྷག་འཆམ། གུ་རུ་མཚན་བརྒྱད། ཞིང་སྐྱོང་སོགས་ཡོད། འདི་དག་ནི་གསང་སྔགས་ཀྱི་ཆོ་ཀའི་བསྐྱེད་རྫོགས་ཀྱི་འགྲོས་དང་བསྟུན་ནས་དག་སྣང་སུ་ཤར་བའི་ལྷ་ཚོགས་ཀྱི་གར་སྟབས་ཡིན་པས་འཆམ་མཁན་རྣམས་ཀྱིས་ཞི་ཁྲོའི་ལྷ་ཚོགས་ཀྱི་དག་པ་དྲན་པའི་སྒོ་ནས་འཆམ་པ་ལས་རང་དགར་གླུ་གར་དང་རྣམ་ཐར་ལྟ་བུའི་འདུ་ཤེས་བཞག་ནས་འཆམ་མི་རུང་བ་དང་། ལྟ་མཁན་རྣམས་ཀྱིས་ཀྱང་དད་པ་དང་མོས་གུས་གྱི་སྒོ་ནས་ཡི་དམ་ལྷའི་དག་པ་དྲན་བཞིན་ལན་གསུམ་མཇལ་ན་ཟང་མདོག་དཔལ་གྱི་རི་བོར་སྐྱེ་བར་གུ་རུ་ཆོས་དབང་རང་ཉིད་ཀྱིས་ཞལ་བཞེས་གནང་ཡོད་དོ། །